མི་འཛིན་པ་ཡང་སྲིད་ཟད་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །​ནུབ་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ཏེ། །​ཞིང་རྣམས་དག་ཏུ་རྣམ་པར་གང་བར་འགྱུར།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གསུམ་པ། མཚུངས་པ་མེད་པ་སྒྲོན་མ་སྐྱེ་བ་ཡི། །​ཡུལ་ནི་བསོད་ནམས་སྒྲོན་མ་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སུམ་སྟོང་རྣམ་པར་གནོན་པ་ཡབ། །​གཟི་བརྗིད་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཟི་བྱིན་སྒྲོན་མ་རིམ་གྲོ་པ། །​སྒྲོན་མ་བྱེད་ཅེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །དགྲ་བཅོམ་དེ་དག་ཚོགས་པར་འགྱུར་བའི་གྲངས། །​བདུན་འབུམ་བདུན་འབུམ་དག་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​འཇིག་རྟེན་ཕན་ཕྱིར་སྐུ་གདུང་རྒྱས་འགྱུར་ལ། །​རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །​རྒྱལ་བ་རིན་ཆེན་ང་རོ་དབྱངས་དག་གི །​སྐྱེ་བའི་ཡུལ་ནི་དབྱངས་དང་ལྡན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་སྟོང་ཡབ་ནི་ལྷ་ལུས་ཡིན། །​རིན་ཆེན་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་བྱིན་རྒལ་གྱུར་རིམ་གྲོ་པ། །​ང་རྒྱལ་བཅད་ཅེས་བྱ་བ་མཁས་པ་སྟེ། །​ཉོན་མོངས་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཚུལ་བཞིན་ཆོས་ཀྱི་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །​མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱད་པ་གཅིག །​རིན་ཆེན་བྱེ་བ་དག་གིས་རབ་ཏུ་བརྒྱན། །​རྒྱལ་བ་སྐྱེ་དབང་རྒྱལ་པོ་སྐྱེ་བ་ཡི། །​ཡུལ་ནི་དྲག་ཤུལ་སྣང་བར་བྱེད་ཅེས་བྱ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14417#UT22084-045-001-14417