མིག་སྦྱིན་མཛད་པ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ཡི། །​སྐྱེ་བའི་ཡུལ་ནི་ལྷ་ཡིས་མཆོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​སྟོང་ཁམས་གཅིག་ཙམ་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ཡིན་ལྷ་ནི་རིམ་གྲོ་པ། །​ཚངས་པ་འཕགས་ཞེས་བྱ་བ་མཁས་པ་སྟེ། །​ལྷ་དབང་གཙོ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​གཟུངས་ཐོབ་བྱང་ཆུབ་དག་ནི་འདོད་པ་པོ། །​ཁྲི་ཕྲག་དག་ནི་དགུ་བཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་བྱེ་སྟོང་དགུ་བཅུ་དགུ། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་བརྒྱད་འབུམ་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོས་ཞིང་རྣམས་གང་བར་འགྱུར། །​དེ་བཞིན་གཤེགས་པ་ནོར་བུ་གསལ་བ་ཡི། །​སྐྱེ་བའི་ཡུལ་ནི་རིན་ཆེན་གསལ་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་ཁྲི་ཡོད་ཡབ་ནི་གསལ་བ་ཡིན། །​རིན་ཆེན་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགའ་ལྡན་ལེགས་མཐོང་རིམ་གྲོ་པ། །​མིག་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །​རྟག་པ་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​དགྲ་བཅོམ་ཟག་པ་མེད་པའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག །​གསེར་དང་ནོར་བུའི་ལྡ་ལྡིས་མཛེས་པར་བྱས། །​དེ་བཞིན་གཤེགས་པ་ནོར་བཟང་སྐྱེ་བ་ཡི། །​ཡུལ་ནི་བསོད་ནམས་རྣམ་པར་བརྒྱན་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་སྟོང་རབ་ཏུ་དགེ་བ་ཡབ། །​ཐར་པའི་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་སྟོན་བརྩེགས་རྒྱལ་བ་རིམ་གྲོ་པ། །​ཡེ་ཤེས་ང་རོ་ཞེས་བྱ་མཁས་པ་སྟེ། །​མཛེས་པར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ངར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14416#UT22084-045-001-14416