གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​ལམ་རབ་མཆོག་མར་ཤིན་ཏུ་དུལ་བ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །​རྒྱལ་བ་རྫུ་འཕྲུལ་ཏོག་གི་སྐྱེ་བའི་ཡུལ། །​བསོད་ནམས་རྣམ་པར་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་བཅུ་འབྱོར་པའི་དབང་པོ་ཡབ། །​བསོད་ནམས་གྲགས་པ་རྒྱལ་ཡུམ་སྲས་པོ་ནི། །​བསོད་ནམས་ལེགས་ངེས་ཆོས་ལྡན་རིམ་གྲོ་པ། །​ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །​གནས་པ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རྨ་མེད་ཚུལ་འཆོས་མེད་པའི་དགྲ་བཅོམ་པ། །​བྱེ་བ་སྟོང་ཕྲག་བདུན་ཅུ་བདུན་བདུན་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་སུམ་སྟོང་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་དགུ་ཁྲི་ཆིག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཅུ་པ་རྒྱལ་མཚན་བྱེ་བས་བརྒྱན། །​དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། །​སྐྱེ་བའི་ཡུལ་ནི་རྒྱལ་བའི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་སྦྱིན་སྲེག་འོད་འཕྲོ་ཡབ། །​ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགེ་ལྡན་དགེ་བཟངས་རིམ་གྲོ་པ། །​ཡོན་ཏན་སྣོད་ཅེས་བྱ་བ་མཁས་པ་སྟེ། །ཡོན་ཏན་འོད་གསལ་བ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གསུམ་ལ་ཡང་། །​ཞི་བ་གཏི་མུག་མེད་ཅིང་ཆགས་མེད་པ། །​ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །​རྣམ་གྲོལ་ཐོབ་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་ཐེར་འབུམ་དག་ནི་བདུན་ཅུ་འབྱུང་། །​དེ་བཞིན་གཤེགས་པ་ས་ཡི་དབང་ཕྱུག་གི། །​སྐྱེ་བའི་ཡུལ་ནི་ལེགས་པར་གནས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14393#UT22084-045-001-14393