ཆུབ་སྤྱད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཁྲི་བརྒྱད་སྟོང་ངོ་། །​ཡབ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ། །​ཡུམ་ནི་ང་རོ་སྙན་པའི་སེང་གེའི་སྒྲ་ཞེས་བྱའོ། །​སྲས་ནི་བཞིན་གཙང་ཞེས་བྱའོ། །​རིམ་གྲོ་པ་ནི་མཆོད་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྐྱེད་མོས་ཚལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་སེམས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​བདེ་གཤེགས་བྱང་ཆུབ་རྒྱལ་མཚན་སྐྱེ་བ་ཡི། །​ཡུལ་ནི་ཆོས་དག་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བཟང་ཡིན། །​ཆུ་ལྷ་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྩི་སྨན་དཔའ་བོ་རིམ་གྲོ་པ། །​ཕྱོགས་མཆོད་ཅེས་ནི་བྱ་བ་མཁས་པ་སྟེ། །​གཏི་མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​ཁམས་གསུམ་སྲིད་ལ་ངར་ནི་མི་འཛིན་པ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ལྔ་སྟོང་ཡིན། །​ཁྱུ་མཆོག་ཆེན་པོའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་དྲུག་པ་གཅིག་གསེར་གྱིས་མཛེས་པར་བྱས། །​མི་ཡི་འདྲེན་པ་ཡེ་ཤེས་རིན་ཆེན་གྱི། །​སྐྱེ་བའི་ཡུལ་ནི་ཐམས་ཅད་བརྒྱན་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ལྔ་བརྒྱ་ཡབ་ནི་ལེགས་མཆོག་ཡིན། །​འཇིག་རྟེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་གྲོལ་འདོད་ཟླ་བ་རིམ་གྲོ་པ། །​ཀུན་ཏུ་དགའ་ཞེས་བྱ་བ་མཁས་པ་སྟེ། །​ཁ་ལོ་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​ང་མེད་ཚུལ་འཆོས་མེད་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་དྲུག་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14391#UT22084-045-001-14391