སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་འབུམ་ཕྲག་སྙེད་ཀྱིས་བརྒྱན་པར་འགྱུར། །​དེ་བཞིན་གཤེགས་པ་ཡོན་ཏན་གཟི་བརྗིད་དཔལ། །​སྐྱེ་ཡུལ་ཡོན་ཏན་ཐམས་ཅད་འབྱུང་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བཞི་ཡབ་ནི་གཟུགས་བཟང་ཡིན། །​གཟི་བརྗིད་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །​གཟི་བྱིན་ཡོན་ཏན་གཟི་བརྗིད་རིམ་གྲོ་པ། །​ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །​བདུད་རབ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་བྱེ་བ་བཅུ་དྲུག་བཅུ་དྲུག་ཡོད། །​མི་རྣམས་དག་གི་ཚེ་ཡི་ཚད་དག་ཀྱང་། །​ལོ་གྲངས་ཉི་ཁྲི་བདུན་སྟོང་ཐམ་པ་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​པད་མ་འབུམ་ཕྲག་སྙེད་ཀྱིས་བརྒྱན་པར་འགྱུར། །​དེ་བཞིན་གཤེགས་པ་མཁྱེན་ལྡན་ཟླ་མེད་པ། །​སྐྱེ་ཡུལ་ཤེས་ལྡན་སྣང་བར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གསུམ་མཆོད་སྦྱིན་བཟང་པོ་ཡབ། །​ཡེ་ཤེས་ཅན་ནི་རྒྱལ་ཡུམ་ཤེས་ལྡན་བྱིན། །​སྲས་ཡིན་ལེགས་པའི་མཆོད་སྦྱིན་རིམ་གྲོ་པ། །​ཡེ་ཤེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །​ཆགས་མེད་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །​སྲེད་ཕྱོགས་དྲི་མ་དག་དང་བྲལ་བ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །​དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་གྲངས། །​བཅུ་གསུམ་པ་སྟེ་གཅིག་ཅིག་འབྱུང་འགྱུར་ལ། །​གསེར་གྱི་བླ་རེ་བརྒྱ་ཕྲག་སྙེད་ཀྱིས་བརྒྱན། །​དེ་བཞིན་གཤེགས་པ་ང་རོ་དཔག་མེད་ཀྱི། །​སྐྱེ་བའི་ཡུལ་ནི་རྟ་སྐད་དབྱངས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཉི་ཤུ་ཡབ་ནི་དབྱངས་སྙན་ཡིན། །​ཤེས་ལྡན་དབྱངས་ནི་ཡུམ་ཡིན་སྲས་པོ་ནི། །​བྱེ་བརྒྱད་པ་ཡིན་སྙན་ལྡན་རིམ་གྲོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14325#UT22084-045-001-14325