འདྲེན་པ་དབྱངས་དག་སྙན་པ་ཡི། །​སྐྱེ་བའི་ཡུལ་ནི་དབྱངས་ཀྱི་ཡན་ལག་ཡིན། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱངས་སྙན་ཡིན། །​གདངས་སྙན་མ་ནི་རྒྱལ་ཡུམ་སྲས་པོ་ནི། །​མཆོག་མ་ཤིན་ཏུ་རྒྱལ་དཀའ་རིམ་གྲོ་པ། །​ཡོན་ཏན་གྲགས་པའི་དབང་ཕྱུག་བློ་ཅན་ཏེ། །​འཇིག་རྟེན་དག་གིས་མི་འཇིགས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །​རིགས་ནི་འོད་ལྡན་ལུང་ནི་མཚུངས་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །​དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​མི་མཆོག་མྱ་ངན་འདས་ནས་སྐུ་གདུང་ནི། །​མཆོད་རྟེན་དཔག་ཚད་སུམ་ཅུ་པ་གཅིག་འབྱུང་། །​དེ་བཞིན་གཤེགས་པ་ངོས་བཟངས་སྐྱེ་བ་ཡི། །​ཡུལ་ནི་གཟི་བརྗིད་སྣང་བར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་བཟང་ཡིན། །​རིལ་བ་སྟོབས་བརྟན་རྒྱལ་ཡུམ་སྲས་པོ་ནི། །​དཀའ་ཐུབ་ཆེན་པོ་མཐོང་ལྡན་རིམ་གྲོ་པ། །​ཕྱོགས་རྣམས་རྣམ་པར་ལྟ་བ་མཁས་པ་སྟེ། །​འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །དྲི་གསུམ་དྲི་མེད་ཐེར་འབུམ་ཐེར་འབུམ་ཡོད། །​མི་རྣམས་དག་གི་ཚེ་ཡི་ཚད་དག་ཀྱང་། །​ལོ་གྲངས་བདུན་ཁྲི་སུམ་སྟོང་ཐམ་པ་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་ཚང་བའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ལྷ་མི་དག་གིས་བསྟོད་ཅིང་མཆོད་པར་འགྱུར། །​མི་ཡི་འདྲེན་པ་དོན་ལ་གནས་པ་ཡི། །​སྐྱེ་ཡུལ་དོན་སྟོན་བློ་གྲོས་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་ལྔ་ཡོད་ཡབ་ནི་དོན་བྱས་ཡིན། །​དོན་སྒྲ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོག་མ་འགྲོས་ལྡན་རིམ་གྲོ་པ། །​འགྲོ་དོན་སྐྱོང་ཞེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་ངར་མི་འཛིན་པ་སྡིག་སྦྱངས་པ། །​ལེགས་གནས་དེ་དག་ཐེར་འབུམ་ཐེར་འབུམ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14324#UT22084-045-001-14324