རིམ་གྲོ་པ། །​ཡོན་ཏན་ཚོགས་ཀྱི་ཏོག་ནི་བློ་ཅན་ཏེ། །​ཡོན་ཏན་ཐམས་ཅད་མཆོག་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །​བྱང་ཆུབ་དག་ལས་ཕྱིར་ནི་མི་ལྡོག་པ། །​བྱེ་བ་འབུམ་ཕྲག་འབུམ་ཕྲག་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་ཁམས་ཀུན་ཏུ་སྐུ་གདུང་དག་གིས་ཁྱབ། །​སངས་རྒྱས་ཡོན་ཏན་མཆོག་མ་ཀུན་འོད་ཀྱི། །​སྐྱེ་བའི་ཡུལ་ནི་རྫུ་འཕྲུལ་སྣང་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་དྲི་མེད་འོད། །​དཔག་ཚད་བཅུ་ཡོད་འོད་ཀྱི་དབང་པོ་ཡབ། །​ཡོན་ཏན་ཚོགས་ནི་རྒྱལ་ཡུམ་ཡོན་ཏན་མཆོག །​སྲས་ཡིན་ཡོན་ཏན་དབང་པོ་རིམ་གྲོ་པ། །​ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །​ཡོན་ཏན་དབང་པོ་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​མཚུངས་མེད་ཡོན་ཏན་ཀུན་བསགས་སྣང་མེད་ཐོབ། །​སྦྱོར་བསྲེགས་བྱེ་བ་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་གསུམ་པ་བཀོད་པས་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་རིན་པོ་ཆེ་ཡི་དཔལ། །​སྐྱེ་བའི་ཡུལ་ནི་དཔལ་གྱི་ཚོགས་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་གྲགས་པའི་དབང་པོ་ཡབ། །​དཔལ་མཆོད་མ་ནི་རྒྱལ་ཡུམ་རིན་པོ་ཆེ། །​སྲས་ཡིན་རིན་ཆེན་དཔལ་ནི་རིམ་གྲོ་པ། །​གྲགས་པར་གནས་པ་ཤེས་རབ་ཅན་ཡིན་ཏེ། །​མཁས་པ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །​ཀུན་ཀྱང་རི་བོ་ལྷུན་ལྟར་མི་གཡོ་བ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་སྙེད་ཡོད། །​ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག ། ལོ་གྲངས་སུམ་ཁྲི་བརྒྱད་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་ས་ཡས་ཞིང་རྣམས་ཁྱབ་པར་འགྱུར། །​དེ་བཞིན་གཤེགས་པ་སྐྱེས་བུ་ཟླ་བ་ཡི། །​སྐྱེ་བའི་ཡུལ་ནི་ཟླ་བས་བརྒྱན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14319#UT22084-045-001-14319