བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་ཏོག་སྐྱེ་བའི་ཡུལ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​ཡུམ་ནི་ཏོག་ཆེན་མ་ཞེས་བྱའོ། །​སྲས་ནི་གྲགས་པའི་བློ་གྲོས་ཞེས་བྱའོ། །​རིམ་གྲོ་པ་ནི་ཕྱོགས་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་མཐུ་རྩལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ང་རོ་ཞེས་བྱའོ། །​འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་ཀྱི་མཛོད་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་སྦེད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དྲུག་ཙམ་མོ། །​ཡབ་ནི་རིན་ཆེན་སེམས་ཞེས་བྱའོ། །​ཡུམ་ནི་དད་མཆོག་ཅེས་བྱའོ། །​སྲས་ནི་གསལ་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་སྣང་བ་ཅན་ཞེས་བྱའོ། །​ཡུམ་ནི་ཡོན་ཏན་འོད་ཅེས་བྱའོ། །​སྲས་ནི་མཚན་གྱིས་རབ་ཏུ་བརྒྱན་པ་ཞེས་བྱའོ། །​རིམ་གྲོ་པ་ནི་བལྟ་ན་སྡུག་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བའི་སྒྲོན་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྣང་བའི་མེ་ཏོག་ཅེས་བྱའོ། །​འདུས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14288#UT22084-045-001-14288