ཡུམ། །​དབང་པོ་སྲས་ཡིན་བཟང་དབང་རིམ་གྲོ་པ། །​དབང་ཆེན་ཏོག་ནི་བློ་གྲོས་ཅན་ཡིན་ཏེ། །​མཚོན་ཆའི་དབང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​མི་སློབ་དགྲ་བཅོམ་པ་ཡི་ཚོགས་ཀུན་དག །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །​དམ་ཆོས་ལོ་གྲངས་ཆིག་ཁྲི་ཆིག་སྟོང་གནས། །​སྐུ་གདུང་མཆོད་རྟེན་ཡིད་འོང་གཅིག་ཡིན་ལ། །​འཕང་དུ་དཔག་ཚད་བཅུ་གཉིས་པ་ཡིན་ཏེ། །​གསེར་གྱི་རྒྱལ་མཚན་ཏོག་བཅས་དག་གིས་སྤྲས། །དེ་བཞིན་གཤེགས་པ་ཤུགས་འཆང་སྐྱེ་བ་ཡི། །​ཡུལ་ནི་ཆོས་ཀྱི་རྒྱལ་མཚན་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཉིས་ཡབ་ནི་བློ་བཟངས་ཡིན། །​ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་བདེན་སྨྲ་སྟོབས་ལྡན་རིམ་གྲོ་པ། །མཐུ་རྩལ་སྟོབས་ཞེས་བྱ་བ་མཁས་པ་སྟེ། །​གོམས་པར་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཕྱིར་མི་ལྡོག་པ་བྱང་ཆུབ་གནས་པ་ཀུན། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ཐེར་འབུམ་ཕྲག་ནི་གསུམ་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་རྣམས་ཀུན་དུ་མཛེས་པ་དག་ཏུ་འགྱུར། །​སེམས་ཅན་སྙིང་པོ་སྐར་རྒྱལ་སྐྱེ་བ་ཡི། །​ཡུལ་ནི་འོད་འཕྲོའི་འོད་དང་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་སྦྱིན་སྲེག་འོད་འཕྲོ་ཡབ། །​འོད་འཕྲོ་ཆེན་མོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་སྣང་དབང་རིམ་གྲོ་པ། །​རབ་ཏུ་བརྒྱན་ཞེས་བྱ་བ་མཁས་པ་སྟེ། །​འོད་དབང་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་རྣམ་པར་ཐར་པ་བརྒྱད་ཐོབ་པ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14275#UT22084-045-001-14275