འོད་ཀྱི་ཚད། །​དཔག་ཚད་ལྔ་ཡོད་ཡབ་ནི་ཟླ་བཟང་ཡིན། །​འོད་ཟེར་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བཟང་ལྡན་ཟླ་བ་རིམ་གྲོ་པ། །​ཟླ་ཉིའི་འོད་ཅེས་བྱ་བ་མཁས་པ་སྟེ། །​སྐར་མཁན་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བདུན་ཅུ་ལ། །​དབང་པོ་ཐོབ་པའི་ཚོགས་དག་འདུས་འགྱུར་ཏེ། །​འབུམ་ཕྲག་བརྒྱད་ཅུ་རྩ་གསུམ་སྙེད་གཅིག་འབྱུང་། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​རིན་ཆེན་ལྷ་ཡི་གཞལ་མེད་ཁང་པར་ལྡན། །​དེ་བཞིན་གཤེགས་པ་ཡེ་ཤེས་དཔའ་བོ་ཡི། །​སྐྱེ་བའི་ཡུལ་ནི་ས་ཡི་མཆོད་རྟེན་ཡིན། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཅིག་ཡབ་ནི་དོན་བྱས་ཡིན། །​མཐུ་རྩལ་བློ་གྲོས་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ཆོས་ཅན་ཆོས་བཟངས་རིམ་གྲོ་པ། །མི་དབང་བློ་གྲོས་ཞེས་བྱ་བློ་ཅན་ཏེ། །​འཁྲུགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །​ཐར་པར་གཞོལ་བ་ཞི་བ་ཐོབ་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་བཀོད་པས་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་པད་མའི་ཕུང་པོ་ཡི། །​སྐྱེ་བའི་ཡུལ་ནི་བསོད་ནམས་སྣང་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་པད་མ་ཡིན། །​རིན་ཆེན་མེ་ཏོག་ཅེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་པད་ལྡན་པད་དཀར་རིམ་གྲོ་པ། །​ངེས་པར་བྱས་ཞེས་བྱ་བ་མཁས་པ་སྟེ། །​ཁ་ལོ་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །བདུད་ཀྱི་ཕྱོགས་རྣམས་རབ་ཏུ་བཅོམ་པ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་འབུམ་གྱི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14266#UT22084-045-001-14266