འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །​དགྲ་བཅོམ་རྣལ་འབྱོར་པ་དག་འདུས་འགྱུར་ཏེ། །​བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་དབྱངས་བྱིན་སྐྱེ་བ་ཡི། །​ཡུལ་ནི་དབྱངས་དག་དགའ་བ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་དབྱངས་སྙན་ཡིན། །​གདངས་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བདེན་ལྡན་ལྷ་ལེགས་རིམ་གྲོ་པ། །​ཡོན་ཏན་དབྱངས་དགའ་བློ་གྲོས་ཅན་ཡིན་ཏེ། །​ས་ཡི་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​འཇིག་རྟེན་དག་ལ་ཕན་བྱེད་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​དུལ་བ་དུལ་བར་མཛད་པའི་དམ་ཆོས་དག །​ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​ཀུན་ནས་དཔག་ཚད་གསུམ་པ་དག་ཏུ་འགྱུར། །​སེམས་ཅན་སྙིང་པོ་སེང་གེ་སྐྱེ་བ་ཡི། །​ཡུལ་ནི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་སེང་གེ་ཡིན། །​རྒྱལ་ཡུམ་རི་དགས་མིག་ཡིན་དབང་ཕྱུག་དགའ། །​སྲས་ཡིན་དྲག་ཤུལ་བྱིན་ནི་རིམ་གྲོ་པ། །ང་རོ་སྙན་ཞེས་བྱ་བ་མཁས་པ་སྟེ། །​ང་རོ་ཚངས་པའི་དབྱངས་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རྒྱལ་སྲས་ཆོས་འཛིན་པ་དག་འདུས་འགྱུར་ཏེ། །​ཐེར་འབུམ་ཐེར་འབུམ་དག་ནི་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །​བརྒྱ་སྙེད་ཚང་བའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་རྣམས་ཀུན་ཏུ་གསེར་གྱིས་རྣམ་པར་བརྒྱན། །​དེ་བཞིན་གཤེགས་པ་འོད་ཟེར་སྣ་ཚོགས་ཀྱི། །​སྐྱེ་བའི་ཡུལ་ནི་འོད་ཟེར་མཆོག་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14265#UT22084-045-001-14265