མཁས་པ་ཆེན་པོ་སྟེ། །​ཡོན་ཏན་འབྱུང་གནས་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་བྱེ་བ་དགུ་བཅུ་གཉིས། །​འདུས་པ་གཉིས་པར་བྱེ་བ་བདུན་ཅུ་ཡོད། །​གསུམ་པར་བྱེ་བ་བདུན་ཅུ་རྩ་དྲུག་ཡོད། །​སྐུ་ཚེ་ལོ་གྲངས་ལྔ་བརྒྱ་ཐམ་པ་ཡིན། །​འཇིག་རྟེན་རྣམ་པར་འདྲེན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཞི་བཅུ་དྲུག་ཏུ་གནས། །​དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་འགྱུར་ལ། །​རྒྱལ་མཚན་བཟང་པོ་བྱེ་བ་བརྒྱད་ཅུས་གང་། །​དེ་བཞིན་གཤེགས་པ་སེང་གེའི་འགྲམ་པ་ཡི། །​སྐྱེ་བའི་ཡུལ་ནི་དགེ་དང་ལྡན་ཞེས་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་གཉིས་ཡབ་ནི་ལེགས་ཡིད་གཞུངས། །​བདེ་འོད་ཅེས་བྱ་ཡུམ་ཡིན་སྲས་པོ་ནི། །​ཡོན་ཏན་རྒྱལ་མཚན་བདེན་པ་རིམ་གྲོ་པ། །​ཆོས་འདོད་ཅེས་ནི་བྱ་བ་མཁས་པ་སྟེ། །​འགྲོ་བའི་མཆོད་རྟེན་ཞེས་བྱ་རྫུ་འཕྲུལ་ཅན། །དྲང་སྲོང་ཡིད་ཞི་དགེ་འདུན་འདུས་པ་རྣམས། །​སྟོང་ཕྲག་བརྒྱད་ཅུ་དག་ནི་འབྱུང་བར་འགྱུར། །​དམ་པའི་ཆོས་ནི་ལོ་གྲངས་བདུན་ཁྲིའི་བར། །​གནས་པར་འགྱུར་རོ་སྐུ་གདུང་འཕེལ་བར་འགྱུར། །​དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་ཡི། །​སྐྱེ་བའི་ཡུལ་ནི་བསོད་ནམས་སྙིང་པོ་ཡིན། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བཟངས་ཡིན། །​རིན་ཆེན་གཙུག་ཏོར་ཞེས་བྱ་ཡུམ་ཡིན་ནོ། །​རི་མཆོག་སྲས་ཡིན་རྒྱལ་ནི་རིམ་གྲོ་པ། །​ཤེས་རབ་སྒྲོན་མ་ཞེས་བྱ་མཁས་པ་སྟེ། །​གཙུག་ན་ནོར་བུ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་སྲིད་པ་ཟད་པ་དག །​ཐེར་འབུམ་ཡོད་དོ་གཉིས་པར་ལྔ་ཡང་ཡོད། །​གསུམ་པ་དག་ཏུ་ཐེར་འབུམ་ཕྲག་ཀྱང་དགུ། །​སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཡང་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུར་ཡང་གནས། །​རིན་ཆེན་བདུན་པོ་ཀུན་གྱི་རྒྱུས་བྱུང་བ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་བཅུ་ཡང་འབྱུང་། །​དེ་བཞིན་གཤེགས་པ་སྐྱོན་རབ་ཞི་བ་ཡི། །​སྐྱེ་བའི་ཡུལ་ནི་དགའ་བར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དགུ་བཅུ་གཉིས་ཡོད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14112#UT22084-045-001-14112