ལྔ། །​དམ་པའི་ཆོས་ནི་དེ་ཡི་ལྔ་འགྱུར་གནས། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་ཕལ་ཆེ་སྟེ། །​བྱེ་བ་དགུ་བཅུ་རྩ་གཉིས་རྒྱན་གྱིས་བརྒྱན། །​དེ་བཞིན་གཤེགས་པ་སྤོས་དྲི་ཞིམ་པ་ཡི། །​སྐྱེ་བའི་ཡུལ་ནི་སྤོས་ཀྱིས་བརྒྱན་ཞེས་བྱ། །​རིགས་ནི་རྒྱལ་རིགས་འོད་ནི་གླིང་ཆེན་དག །​སྟོང་ཕྲག་གསུམ་ཁྱབ་ཡབ་ནི་བསོད་ནམས་བཟང་། །​འགྲོ་བ་འཛིན་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ལེགས་མཐོང་ལྷུན་པོ་རིམ་གྲོ་པ། །​གང་ཟག་མཆོག་ཅེས་བྱ་བ་མཁས་པ་སྟེ། །​ལྷ་ཡིས་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​དགྲ་བཅོམ་འདུས་པ་བྱེ་བ་ཕྲག་བཞི་ཡོད། །​གཉིས་པར་གསུམ་ཡོད་གསུམ་པར་གཉིས་ཡོད་དོ། །​དེ་ན་མི་དེ་དག་གི་ཚེ་ཡི་ཚད། །​ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་ཡང་གཉིས། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​སངས་རྒྱས་ཞིང་དུ་ལོ་བྱེ་གཉིས་སུ་གནས། །​མཆོད་རྟེན་གཅིག་འབྱུང་དཔག་ཚད་དྲུག་ཙམ་གྱི། །​ཁྱོན་ཀུན་རིན་པོ་ཆེ་ཡིས་ཁྱབ་པར་འགྱུར། །​དེ་བཞིན་གཤེགས་པ་ཡོན་ཏན་མཆོག་འཛིན་གྱི། །​སྐྱེ་བའི་ཡུལ་ནི་དགའ་བས་བརྒྱན་ཞེས་བྱ། །​མི་མཆོག་རྒྱལ་བའི་རིགས་ནི་རྒྱལ་རིགས་ཏེ། །​འོད་ནི་རྒྱང་གྲགས་གསུམ་ཡོད་མེ་ཏོག་ཡབ། །​དེ་ཡི་ཡུམ་ནི་བདེ་བར་བྱེད་ཅེས་བྱ། །​སྲས་པོ་འབྱོར་ལྡན་འབྲུག་སྒྲ་རིམ་གྲོ་པ། །​དེ་ཚེ་གྲགས་མཆོག་ཅེས་བྱ་ཤེས་རབ་ཅན། །​འོད་བྱེད་ཅེས་བྱ་རྫུ་འཕྲུལ་ལྡན་པ་ཡིན། །​དགྲ་བཅོམ་འདུས་པ་བྱེ་བ་བརྒྱ་ཕྲག་གཉིས། །​དེ་ཚེ་འདུས་པ་གཉིས་པར་དེ་ལྔ་བསྒྱུར། །​གསུམ་པར་ཚོགས་པ་བྱེ་སྟོང་བཅུ་གསུམ་ཡོད། །​དེ་ཚེ་སྐུ་ཚེ་ལོ་གྲངས་བྱེ་བ་གསུམ། །​དམ་པའི་ཆོས་དག་ལོ་གྲངས་ལྔ་བརྒྱར་གནས། །​དེ་ཡི་སྐུ་གདུང་རིལ་གཅིག་མཆོད་རྟེན་ཡང་། །​དཔག་ཚད་གཉིས་པ་གདུགས་ནི་སྟོང་ཕྲག་བརྒྱས། །​བརྒྱན་ཅིང་རིན་ཆེན་མེ་ཏོག་དག་གིས་གང་། །​དེ་བཞིན་གཤེགས་པ་མུན་དང་བྲལ་བ་ཡི། །​སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་བཞི་དྲང་སྲོང་ཆེན་པོ་ཡབ། །​ཤིན་ཏུ་བཀྲ་ཤིས་ཞེས་བྱ་ཡུམ་ཡིན་ནོ། །​སྲས་པོ་ཆོས་སྨྲ་ངོས་བཟངས་རིམ་གྲོ་པ། །​དཔལ་བཟང་ཞེས་བྱ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14111#UT22084-045-001-14111