ཕྲག་དྲུག་གོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །​གསུམ་པ་ལ་ནི་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཚིགས་བརྟན་སྐྱེ་བའི་ཡུལ་ནི་མེ་ཏོག་རྒྱས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་ཅུའོ། །​ཡབ་ནི་བསོད་ནམས་དགའ་ཞེས་བྱའོ། །​ཡུམ་ནི་སྐྱིད་ལྡན་མ་ཞེས་བྱའོ། །​སྲས་ནི་དུས་རིག་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་དོན་སྤྱད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གསེར་མཆོག་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་སྟོང་ཕྲག་བདུན་ཅུའོ། །​གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་བརྒྱད་དོ། །​གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མི་འགྱིང་བ་སྐྱེ་བའི་ཡུལ་ནི་འགྲོ་དགའ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུའོ། །​ཡབ་ནི་རྒྱ་མཚོ་ཞེས་བྱའོ། །​ཡུམ་ནི་དྲང་སྲོང་བྱིན་ཞེས་བྱའོ། །​སྲས་ནི་མིག་སྡུག་ཅེས་བྱའོ། །​རིམ་གྲོ་པ་ནི་སྐྱེ་དབང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ལེགས་བསམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེན་ཚིག་ཅན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བདུན་ཁྲི་བརྒྱད་སྟོང་ངོ་། །​གཉིས་པ་ལ་ནི་བདུན་ཁྲི་དྲུག་སྟོང་ངོ་། །​གསུམ་པ་ལ་ནི་བདུན་ཁྲི་ལྔ་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་མཛད་སྐྱེ་བའི་ཡུལ་ནི་གསེར་གྱི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14074#UT22084-045-001-14074