བརྟེན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཏིང་ངེ་འཛིན་ཤིན་ཏུ་གནས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྣམས་ཀྱི་རྣམ་པ་ལ་དམིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཏིང་ངེ་འཛིན་རྩེ་གཅིག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཏིང་ངེ་འཛིན་སྟོབས་ཅན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་གྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཤེས་རབ་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དངོས་པོ་ཐམས་ཅད་བརྟགས་ནས་སྤོང་བའི་ཤེས་རབ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མངོན་པར་ཞེན་པ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་གྱི་ཉོན་མོངས་པ་བཟོད་པའི་ཤེས་རབ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རང་བཞིན་གྱིས་རྟོགས་པ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཉེ་བར་ཞི་བ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཐར་པ་མི་སྒྲུབ་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དད་པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དད་པ་མི་འཕྲོགས་པ་ནི་དཔེར་ན་རྒྱལ་པོ་གཞོན་ནུ་སེང་གེའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཚུལ་ཁྲིམས་ཀྱིས་བསྒོས་པ་མ་ཉམས་པ་ནི། དཔེར་ན་གླང་པོ་ཆེའི་ཕྲུ་གུས་མ་ལོང་མ་དྲན་ནས་ཟས་མི་ཟ་བ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རུས་པ་སོ་སོར་གྱེས་ཀྱང་བྱམས་པ་མི་གཏོང་བ་ནི་དཔེར་ན་སྲོག་ཆགས་སུ་གྱུར་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐོགས་པ་མེད་པའི་བརྩོན་འགྲུས་ནི་དཔེར་ན་རྒྱ་མཚོ་ཆེན་པོ་སྐམས་པ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་བཟང་གི་ཁང་བཟངས་སུ་བསམ་གཏན་སྐྱེད་པ་ན་རྣམ་པར་རྟོག་པ་རྣམས་འཇོག་པར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འཕགས་པ་ངེས་པར་འབྱུང་བའི་ཤེས་རབ་ནི་དཔེར་ན་བརྩོན་འགྲུས་སྤྱོད་པའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14000#UT22084-045-001-14000