ཡང་དག་པ་ཀུན་ནས་རབ་ཏུ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཐར་པའི་དབང་པོ་དང་མཚུངས་པར་ལྡན་པའི་དད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བྱང་ཆུབ་ཀྱི་སྣོད་དུ་གྱུར་པའི་དད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དད་པའི་དབང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བརྩོན་འགྲུས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བརྩོན་འགྲུས་ཀྱི་དབང་པོ་ཡིད་ལ་གཅགས་པ་མེད་ཅིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འདུས་བྱས་ལ་ལྷག་པར་ཞེན་པ་མེད་ཅིང་འདུས་མ་བྱས་ལ་བལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐག་རིང་པོར་ཡོངས་སུ་བསྔོ་བའི་སྨོན་ལམ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དུས་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དེའི་ངོ་བོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དྲན་པའི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པ་མཐོང་ནས་ཁྱིམ་ཡོངས་སུ་འཛིན་པའི་སྐྱོན་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འདུས་བྱས་ཀྱི་འབྲས་བུ་དང་འཇིག་རྟེན་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཉོན་མོངས་པས་སྐྱོ་བ་མེད་ཅིང་སྡུག་བསྔལ་བར་མི་སེམས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྣམས་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཉེ་བར་ཞི་བ་དག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སེམས་ཅན་ཐམས་ཅད་ལ་ཆོས་རྣམས་ཀྱིས་རྒྱས་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དྲན་པའི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚེགས་ཆུང་ངུས་ཉེ་བའི་ཉོན་མོངས་པ་འདོར་བའི་ཏིང་ངེ་འཛིན་གྱི་དབང་པོ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཏིང་ངེ་འཛིན་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13999#UT22084-045-001-13999