མོ་ཆེན་མོ་གཽ་ཏ་མཱི་ལ་དགེ་འདུན་ལ་ཕུལ་ཅིག་ཅེས་བཀའ་སྩལ་པའི་ཚིག་དེས་ན་དགེ་སློང་བརྒྱད་སྟོང་དུལ་བར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ཡོངས་སུ་མྱ་ངན་ལས་འདས་པའི་སྡོམ་པ་ནི་དཔེར་ན་རྒྱལ་པོའི་བུ་ཟླ་བ་དང་། རྐང་བཀྲའི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བཟོད་པ་ནི་དཔེར་ན་བཟོད་སྨྲས་ལྷ་བྱེ་བ་བརྒྱད་ཅུ་ཡོངས་སུ་སྨིན་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བརྩོན་འགྲུས་ནི་དཔེར་ན་བྲམ་ཟེའི་བུ་ལྔ་བརྒྱས་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལྔ་དང་ལྡན་པ་བསྐྲད་པ་དང་། བདུད་རངས་པར་གྱུར་པ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྟོབས་བསྐྱེད་པའི་ཕྱིར་ཐོས་ནས་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདི་ལྟར་ངས་གང་དུ་སྤོབས་པ་བསྐྱེད་པར་འཆར་ཀ་ཁྱོད་ཀྱིས་ཀྱང་སྤོབས་པ་སྐྱེད་ཅིག་ཅེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡིད་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་བྱུང་བས་སྦྱིན་པ་བྱིན་པ་ནི་དཔེར་ན་རིག་པ་འདོན་པ་དང་། རྙེད་པ་དང་། བཀུར་སྟི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །​འདི་ལྟར་ཤཱཀྱ་རྣམས་ལ་ལས་རྣམས་ནི་ཆུད་ཟ་བར་མི་འགྱུར་རོ་ཞེས་བཀའ་སྩལ་པ་དེ་ནི་ཚུལ་ཁྲིམས་སོ། །​འདི་ལྟར་དཔལ་སྦས་ཀྱི་དྲུང་དུ་གཤེགས་པ་དེ་ནི་བཟོད་པའོ། །​འདི་ལྟར་སོག་མ་མེད་བཏུལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཅང་མི་གསུང་བར་བསམ་གཏན་གྱིས་བཞུགས་པ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འདི་ལྟར་སྦྲུལ་གདུག་པ་ལ་བརྟེན་ནས་ཐེག་པ་མཆོག་གསུང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཡིད་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གཞན་ལ་དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཞན་ལ་བརྩེ་བའི་ཕྱིར་རང་གི་བདེ་བ་སྤངས་ཤིང་བདོག་པ་ཐམས་ཅད་གཏོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​འདི་ལྟར་བྱང་ཆུབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13991#UT22084-045-001-13991