བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དང་དུ་ལེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟར་སེམས་བསྟན་པ་ལ་སེམས་ཅན་རྣམས་རྙེད་པ་དང་བཀུར་སྟི་ལ་ལོངས་སྤྱོད་ཅིང་ཡུལ་ལ་སྤྱོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །བྷ་ར་དྭཱ་ཛ་ཁྲོས་ཀྱང་མ་འཁྲུགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མཛེས་ལྡན་མོའི་ཕྱིར་མུ་སྟེགས་པ་ཁྲི་ཉིས་སྟོང་གིས་མི་སྙན་པར་བསྒྲགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཡིད་ཀྱིས་མཐུ་སྟོབས་བསྟན་པ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་སེང་གེར་གྱུར་པ་ན་གནད་དུ་ཕོག་ཀྱང་དང་དུ་ལེན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བཀུར་སྟི་མ་བྱས་ཀྱང་དང་དུ་ལེན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བསམ་གཏན་གྱི་ཕྱིར་འདྲི་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་དང་དུ་ལེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་བསྟན་པ་གང་གིས་འོག་མིན་གྱི་གནས་ནས་བཟུང་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་དབྱངས་ཀྱིས་གོ་བར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །སྟོང་གསུམ་དག་ཏུ་འོད་བཏང་ནས་སེམས་ཅན་རྣམས་རྟོགས་པར་བྱས་ཤིང་བདེ་བར་བྱས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དམ་པའི་ཆོས་ཀྱི་ཆར་ཕབ་པའི་མཆོད་རྟེན་དུ་རལ་པ་ཅན་བདུན་བཏུལ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལྟེང་རྒྱས་འོད་སྲུང་དད་པར་བྱས་པའི་རྣམ་པར་འཕྲུལ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བྲམ་ཟེའི་སེམས་ཀྱིས་བསམས་པ་མངོན་དུ་གཟིགས་ནས་ངའི་རུས་ནི་ཆེ་གེ་མོ་ཞིག་གོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དུས་མཁྱེན་ནས་འདུལ་བ་ནི་དཔེར་ན་དགའ་བོའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འབེ་ལ་མས་བྲམ་ཟེ་རྣམས་ལ་སྦྱིན་པ་བྱིན་ནས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བཀོད་པ་ནི་དཔེར་ན་སྐྱེ་དགུའི་བདག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13990#UT22084-045-001-13990