སྨིན་པ་སྟེ། འདི་དག་ནི་ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ན། སེམས་ཅན་ཐམས་ཅད་བཀྲེས་པ་དང་བྲལ་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ཉོན་མོངས་པའི་བདུད་སུ་ལ་ཡང་གནོད་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལྷའི་བུའི་བདུད་སུ་ལ་ཡང་གནོད་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འཆི་བདག་གི་བདུད་སུ་ལ་ཡང་གནོད་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཕུང་པོའི་བདུད་སུ་ལ་ཡང་གནོད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དགོངས་པ་ཇི་ལྟ་བ་བཞིན་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོར་སྐྱིལ་མོ་ཀྲུང་བཅས་པ་ལ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​བདུད་མཐོང་ན་འཇིགས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལུས་ལ་དམིགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སེམས་ལ་དམིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དམ་བཅས་པ་ལས་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བྱང་ཆུབ་ཀྱི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྐད་ཅིག་གཅིག་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེའི་སྦྱོར་བ་ཉེ་བར་བསྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​གཉེན་པོས་འཇོམས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ང་རྒྱལ་ཀུན་ཏུ་འཇོམས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13986#UT22084-045-001-13986