ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་ཤེས་པ་མ་ལུས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ན། གང་དག་ལྷ་རྣམས་འཇིག་རྟེན་གྱི་མགོན་པོ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ངན་སོང་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དབང་པོ་ཚང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སེམས་ཅན་རྣམས་ལ་ཉོན་མོངས་པའི་མི་གནོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སིལ་སྙན་མ་དཀྲོལ་བར་སྒྲ་འབྱུང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྟོང་གསུམ་དུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། ལྷ་རྣམས་ཀུན་དགའ་བའི་སྒྲ་བརྗོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྟོང་གསུམ་དག་ན་ཤིང་ལྗོན་པ་དག་ལས་དུས་མ་ཡིན་པར་མེ་ཏོག་དང་འབྲས་བུ་དག་འབྱུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​སེམས་ཅན་རྣམས་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་ཐམས་ཅད་ཤིན་ཏུ་དབང་པོ་ཚང་བར་གྱུར་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལག་མཐིལ་ནས་ཉེ་བར་བཟུང་སྟེ་སྟོང་གསུམ་དག་ན་བླ་ན་མེད་པ་བཅུ་ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གཅིག་ལ་གཅིག་བསྔགས་པ་མང་པོ་རྗོད་ཅིང་ལྷ་རྣམས་ལ་བདུད་རྩི་སྟོབས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བདུད་བཞི་བཅོམ་པ་དང་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13985#UT22084-045-001-13985