བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དྲང་སྲོང་ཆེན་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་དེ་ལྟ་དེ་ལྟར་ལུང་བསྟན་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཇི་ལྟར་སྦྱིན་པ་སྦྱིན་པར་བགྱི། སྦྱིན་པ་མ་ལགས་པའི་དོན་གང་ལགས། སྦྱིན་པ་ཞེས་བགྱི་བའི་དོན་གང་ལགས། སྦྱིན་བདག་ཇི་ལྟར་རབ་ཏུ་འཚལ་བར་བགྱི། ཇི་ལྟར་ན་གཏོང་བ་པོར་འགྱུར། ཇི་ལྟར་ན་སྦྱིན་བདག་ལགས་ལ་གཏོང་བ་པོ་མ་ལགས། ཇི་ལྟར་ན་སྦྱིན་བདག་སྦྱིན་པའི་མཐར་འགྲོ་བ་ཞེས་བགྱི། སྤུངས་པར་གནས་པ་འམ། བརྩེགས་པར་གནས་པ་འམ། ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ན་སྦྱིན་བདག་ལེན་པ་ལ་མི་གནས་པར་སྦྱིན་པ་སྦྱིན་པ་ལགས། སྦྱིན་པའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་ལགས། བསོད་ནམས་དེའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་འཛིན་པར་འགྱུར་བ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དྲང་སྲོང་ཆེན་པོ་སེམས་དང་པོ་བསྐྱེད་པའི་གཏམ་ཁྱོད་ཀྱིས་དྲིས་པ་འདི་ནི་རྩིང་ངོ་། །​དེ་ན་གནས་བརྟན་ཤ་ར་དྭ་ཏིའི་བུ་སྨིན་མ་རིང་བ། གཉེར་མ་ཅན། མགོ་སྐྱ་བོས་ལག་པ་གཡས་པས་སྨིན་མ་གཟར་ནས་མིག་ལྤགས་བཏེགས་ཏེ་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །​དྲང་སྲོང་ཆེན་པོ་རྒྱས་པ་འདི་འཇིག་རྟེན་ན་གྲགས་པ་ཡིན་ན་གཏན་ཚིགས་ཀྱི་རིག་པ་མི་ཤེས་པའི་བྱིས་པ་རོགས་རྒོད་ལྟ་བུར་མཁས་པའི་བློ་མེད་དེ། རྒྱུ་དང་རྐྱེན་གྱི་གཏམ་སྤངས་ཤིང་བདག་མེད་པའི་གཏམ་བོར་ལ་ལྷ་ཡུལ་བའི་རྒྱུའི་གཏམ་བཏང་སྟེ། ཅིའི་ཕྱིར་སྦྱིན་པའི་གཏམ་ཉིད་ཞུས་པར་གྱུར། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh93/UT22084-044-014-405#UT22084-044-014-405