བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​གཟུགས་འགག་པ་མེད་པ་དང་། གཟུགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། གཟུགས་རྣམ་པར་བྱང་བ་མེད་པ་དང་། གཟུགས་མངོན་པར་འདུ་བྱ་བ་མེད་པ་དང་། གཟུགས་འབྱུང་བ་མེད་པ་དང་། གཟུགས་མི་དམིགས་པ་ལ་གནས་མེད་དོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །​རྣམ་པར་ཤེས་པ་འགག་པ་མེད་པ་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་ཤེས་པ་རྣམ་པར་བྱང་བ་མེད་པ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་དང་། རྣམ་པར་ཤེས་པ་འབྱུང་བ་མེད་པ་དང་། རྣམ་པར་ཤེས་པ་མི་དམིགས་པ་ལ་གནས་མེད་དོ། །​སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །​སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་ལ། གནས་མེད་དོ། །​བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6979#UT22084-026-001-6979