བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་མེད་དོ། །​འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ལ་གནས་མེད་དོ། །​འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་འབྱུང་བ་མེད་པ་དང་། དམིགས་པ་མེད་པ་ལ་གནས་མེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །​གསོལ་པ། བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གནས་མ་མཆིས། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། འབྱུང་བ་མ་མཆིས་པ་དང་། གང་གི་མི་དམིགས་པ་ལ་གནས་མ་མཆིས་པ་ལགས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6978#UT22084-026-001-6978