ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །​དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །​བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས། བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཡང་དག་པའི་མཐའི་བར་ལ་གནས་ན། དེ་ཡང་དག་པའི་མཐའི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །​དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། རྣམ་པར་ཤེས་པ་མ་ལགས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6894#UT22084-026-001-6894