བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་སྐྱོན་མེད་པ་ཉིད་ཆོས་སྐྱོན་མེད་པ་ཉིད་ཀྱིས་སྟོང་སྟེ། ཆོས་སྐྱོན་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་། ཆོས་སྐྱོན་མེད་པ་ཉིད་མ་ལགས། ཆོས་སྐྱོན་མེད་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཆོས་སྐྱོན་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་སྐྱོན་མེད་པ་ཉིད་དོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་སྐྱོན་མེད་པ་ཉིད་ལ་གནས་པར་མི་བགྱིའོ། །​ཡང་དག་པའི་མཐའ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཡང་དག་པའི་མཐའ་ཡང་དག་པའི་མཐས་སྟོང་སྟེ། ཡང་དག་པའི་མཐའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་། ཡང་དག་པའི་མཐའ་མ་ལགས། ཡང་དག་པའི་མཐའ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཡང་དག་པའི་མཐའ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཡང་དག་པའི་མཐའ་ཉིད་དོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ། །​བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས། བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །​གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་ན། དེ་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6893#UT22084-026-001-6893