གཉིས་ལས་མི་འདའ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལུང་བསྟན་པར་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ཞིང་ཐོས་ནས་ཀྱང་གོང་ནས་གོང་དུ་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པའོ། །​ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པའོ། །​སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་དེའི་དཔེ་གསལ་བར་བདག་གིས་སྤོབས་སོ། །​བདེ་བར་གཤེགས་པ་དེའི་དཔེ་གསལ་བར་བདག་གིས་སྤོབས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་རྨི་ལམ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་ཞིང་བསམ་གཏན་ལ་སྙོམས་པར་འཇུག་པ་དང་། བརྩོན་འགྲུས་རྩོམ་པ་དང་། བཟོད་པ་བསྒྲུབས་པ་དང་། ཚུལ་ཁྲིམས་བསྲུང་བ་དང་། སྦྱིན་པ་ཡོངས་སུ་གཏོང་བ་ནས། སྙིང་པོ་བྱང་ཆུབ་ལ་མཆིས་པའི་བར་དུ་གྱུར་ན་ཡང་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པར་རིག་པར་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིད་ཀྱིས་མ་ལོག་པ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པ་དང་། བསམ་གཏན་ལ་མཉམ་པར་བཞག་པ་དང་། བརྩོན་འགྲུས་བརྩམས་པ་དང་། བཟོད་པ་བསྒྲུབས་པ་དང་། ཚུལ་ཁྲིམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7838#UT22084-026-001-7838