ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་རོ། །​དེ་ནས་ལྷའི་དཔང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བཤད་ན་ཉེས་པ་ཅིར་འགྱུར། ཤ་ར་དྭ་ཏིའི་བུས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བཤད་ན། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། འཇིགས་པར་འགྱུར། སྔང་བར་འགྱུར། སྐྲག་པར་འགྱུར་ཏེ། ཕྱིར་ལྡོག་པར་འགྱུར་རོ། །​སྦོད་བར་འགྱུར་རོ། །​དེ་ནི་མོས་པར་ཡང་མི་འགྱུར་ཏེ། ཀཽ་ཤི་ཀ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་ནས། སྤངས་པའི་ཕྱིར་དེ་ལོག་པར་ལྟུང་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་ཅིང་སོགས་པར་འགྱུར་ཏེ། ལས་བྱས་པ་དང་བསགས་པ་དེས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུའི་གནས་ཡོད་དོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་བ་ལྟ་ཡོད་དམ། སྨྲས་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་བ་དེ་དག་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7837#UT22084-026-001-7837