གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མེད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པ་འཚལ་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ལ་སེམས་མེད་པའི་ཕྱིར་རྣམ་པར་དག་པ་ལ་ཤེས་པ་མེད་དོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་གཟུགས་མ་འཚལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​།གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་གཟུགས་མ་འཚལ་བ་ལགས། བཅོམ་ལྡན་འདས་གྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་གཟུགས་མ་ཤེས་སོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མ་འཚལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྣམ་པར་དག་པས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མི་ཤེས་སོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་ཆོས་ཐམས་ཅད་ལ་འཚལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7757#UT22084-026-001-7757