བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ་བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་རྣམ་པར་དག་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདོད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར་རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7756#UT22084-026-001-7756