སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་བསམས་ཤིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་མཆོད་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྟོན་པ་འམ་རྣམ་པར་སྟོན་པ་འམ་ཡོངས་སུ་སྟོན་པ་འམ། འཛིན་པར་བྱེད་པ་འམ་འབྱིན་པར་བྱེད་པ་འམ་སྐྱེ་བར་བྱེད་པ་འམ་འགོག་པར་བྱེད་པ་འམ། ཀུན་ནས་ཉོན་མོངས་པར་བྱེད་པ་འམ། རྣམ་པར་དག་པར་བྱེད་པ་འམ། འགྲིབ་པར་བྱེད་པ་འམ་འཕེལ་བར་བྱེད་པ་འམ། འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བར་བྱེད་པ་མྱེད་དོ། །​རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། གཟུགས་ཀྱི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། གཟུགས་མྱེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན།​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན། འདོར་བ་མ་ཡིན། ནང་སྟོང་པ་ཉིད་སྒྲུབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99208#UT22084-014-001-99208