མཆེད་ཀྱི་ལྷ་རྣམས་ཡོད་དོ། །​རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །​ཕྱིར་མྱི་འོང་པ་རྣམས་ཡོད་དོ། །​དགྲ་བཅོམ་པ་རྣམས་ཡོད་དོ། །​རང་སངས་རྒྱས་རྣམས་ཡོད་དོ། །​བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །​དེ་བས་ན་དེ་ལ་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱའོ། །​ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བ་འམ་འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། ཡོངས་སུ་གཟུང་བ་འམ་དོར་བ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྐྱེ་བ་འམ་འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ་ཡོངས་སུ་གཟུང་བ་འམ་དོར་བར་བྱ་བའི་ཆོས་དེ་ལྟ་བུ་མྱེད་དོ། །​རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་དགེ་བ་འམ་མྱི་དགེ་བ་འམ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་འམ། ཟག་པ་དང་བཅས་པ་འམ་ཟག་པ་མྱེད་པ་འམ། འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་གང་ཡང་དམྱིགས་སུ་མྱེད་དོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་དམྱིགས་སུ་མྱེད་དོ། །​རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་འགོ་བ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་འགོ་བར་འགྱུར་བའི་ཆོས་དེ་ལྟ་བུ་དམྱིགས་སུ་མྱེད་དོ། རབ་འབྱོར་དེའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་འདི་ནི་འགོ་བ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །​རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་འདུ་ཤེས་པ་ཡང་མྱི་བྱེད་ལ་དེ་ལྟར་མྱི་རྟོག་ཅིང་དེ་ལྟར་མྱི་དམྱིགས་ཏེ། དེ་ལྟར་འཕྲོ་བར་ཡང་མྱི་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །​དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99207#UT22084-014-001-99207