ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །​རབ་འབྱོར་དེ་དེ་བཞིན་ཏེ། ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མྱི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མྱི་འགྲིབ། བསྟན་ཀྱང་མྱི་འཕེལ་མ་བསྟན་ཀྱང་མྱི་འཕེལ་ལོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་འཚོའི་བར་དུ་བཞུགས་ཤིང་ནམ་མཁའི་ལེགས་པ་འམ་མ་ལགས་པ་བརྗོད་ཀྱང་། ནམ་མཁའ་ནི་ལེགས་པ་བརྗོད་པས་ཡོངས་སུ་འགྲིབ་པ་མྱེད་དོ། །​ཉེས་པ་བརྗོད་པས་ཡོངས་སུ་འགྲིབ་པ་མྱེད་དོ། །​ནམ་མཁའ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་མྱེད་དོ། །​ཉེས་པ་བརྗོད་ཀྱང་འཕེལ་བ་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་མྱེད་དོ། །​ཉེས་པ་བརྗོད་ཀྱང་འགྲིབ་པ་མྱེད་དོ། །​ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མྱེད་དོ། །​ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ། །​གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཚེ། ཞུམ་པ་དང་གཡེང་བར་མྱི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བགྱིད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མྱི་ལྡོག་པ་ནི་དཀའ་བ་བགྱིད་པའོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ། །​ཚོར་བ་མ་མཆིས་སོ། །​འདུ་ཤེས་མ་མཆིས་སོ། །​འདུ་བྱེད་མ་མཆིས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99011#UT22084-014-001-99011