ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་བསྙེན་བཀུར་ནས། འདིར་འོངས་ཤིང་འདིར་སྐྱེས་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། དེ་སེམས་དང་པོ་བསྐྱེད་ཕྱིན་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །​དེས་དེ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མྱེད་དཔག་ཏུ་མྱེད་པ་བསམ་གྱིས་མྱི་ཁྱབ་པ་མཚུངས་པ་མྱེད་པ་བསྙེན་བཀུར་ནས། འདིར་འོངས་ཤིང་འདིར་སྐྱེས་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང་ངམ་ཐོས་ན། བདག་གིས་སྟོན་པ་མཐོང་ངོ་ཞེས་བྱ་བར་སེམས་བསྐྱེད་པར་འགྱུར་རོ། །​བདག་གིས་སྟོན་པ་ཐོས་སོ་ཞེས་བྱ་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97613#UT22084-014-001-97613