ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད་དམ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བྱེད། དམྱིགས་པར་མྱི་བྱེད་དོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད། དམྱིགས་པར་མྱི་བགྱིད་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་མྱི་བྱེད་པ་ཡིན་ནོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱི་དམྱིགས་པ་དང་། མྱི་ལེན་པ་དང་། མྱི་གནས་པ་དང་། མྱི་འདོར་བ་དང་། མངོན་པར་ཆགས་པ་མེད་པ། དེ་ལྟར་ཐོབ་པར་བྱེད་དེ། གང་ཡང་ཐོབ་པར་བྱེད་པ་མྱེད་དོ། །​ཀཽ་ཤི་ཀ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་མྱི་བྱེད་དེ། གང་ཡང་ཐོབ་པར་མྱི་བྱེད་དོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དམྱིགས་པ་མ་མཆིས་པ་དང་། འཇིག་པ་མ་མཆིས་པའི་སླད་དུ། ཉེ་བར་གནས་པ་ངོ་མཚར་ཆེའོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་མྱི་བགྱིད་པའོ་ཞེས། དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97388#UT22084-014-001-97388