གཏན་བཞི་ཐོབ་པར་གྱུར། ཚད་མྱེད་པ་བཞི་ཐོབ་པར་གྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་གི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །​གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མྱེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི། བསོད་ནམས་ནི། ཆེས་མང་དུ་འཕེལ་ལོ། །​རབ་འབྱོར་དེ་ལྟར་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི། རབ་ཅེས་བྱའོ། །​གཙོ་བོ་ཞེས་བྱའོ། །​དམ་པ་ཞེས་བྱའོ། །​ཕུལ་ཞེས་བྱའོ། །མཆོག་ཅེས་བྱའོ། །​གྱ་ནོམ་པ་ཞེས་བྱའོ། །​བླ་ན་མྱེད་པ་ཞེས་བྱའོ། །​གོང་ན་མྱེད་པ་ཞེས་བྱའོ། །​རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར། ལན་ཅིག་ཕྱིར་འོང་བར་གྱུར། ཕྱིར་མྱི་འོང་བར་གྱུར། དགྲ་བཅོམ་པར་གྱུར་ཏེ། དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། ཕྱིར་མྱི་འོང་བར་གྱུར་པ་དང་། དགྲ་བཅོམ་པར་གྱུར་པ་དེ་དག་ཐམས་ཅད་ལ་ནམ་འཚོའི་བར་དུ་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །​གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མྱེད་པར་ཡོངས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97317#UT22084-014-001-97317