སུ་རྫོགས་པར་མྱི་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དེས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མྱི་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མྱི་འགྱུར་རོ། །​གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་གྱུར་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་གྱུར་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་པའི་ཕྱིར་རོ། །​གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་ཉིད་འདིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ན། ཡོངས་སུ་བསྔོས་པའི་རབ་ཏུ་འགྱུར་རོ། །​ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །​རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བའི་ཕུང་པོ་མཚན་མ་མྱེད་པའི་ཚུལ་དང་། དམྱིགས་པ་མྱེད་པའི་ཚུལ་དང་། སྐྱེ་བ་མྱེད་པའི་ཚུལ་དང་། འགག་པ་མྱེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མྱེད་པའི་ཚུལ་དང་། རྣམ་པར་བྱང་བ་མྱེད་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། དེ་བཞིན་ཉིད་ཀྱི་ཚུལ་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཚུལ་གྱིས་སྟོན་པ་ནི། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ། །​རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། བསམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97316#UT22084-014-001-97316