དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། རང་སངས་རྒྱས་རྣམས་ལུང་བསྟན་པར་གྱུར་པ་དང་། ལུང་བསྟན་པ་དང་། ལུང་བསྟན་པར་འགྱུར་བ་དང་། དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དང་། བསྐྱེད་པ་དང་། བསྐྱེད་པར་འགྱུར་བ་རྣམས་ལ་རྗེས་སུ་ཡི་རང་སྟེ། ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་བ་སྙམ་དུ་བསླབ་པར་མྱི་བྱའོ། །​རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་བཞིན་གཤེགས་པ་ལ་བསྐུར་པར་འགྱུར་བ་མྱེད་པར་འདོད་པས། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མྱེད་པས་དགེ་བའི་རྩ་བ་དེ་དག་གི་ངང་ཚུལ་གང་ཡིན་པ་དང་། རང་བཞིན་གང་ཡིན་པ་དང་། མཚན་ཉིད་གང་ཡིན་པ་ཐུགས་སུ་ཆུད་དེ། མཁྱེན་ལ་རབ་ཏུ་མཁྱེན་ཅིང་། ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ། བདག་གིས་རྗེས་སུ་ཡི་རང་བར་བྱའོ། །​ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་བསྐུར་བར་མྱི་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་དང་། ཆོས་བཞིན་དུ་སྨྲ་བར་འགྱུར་རོ། །​དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97265#UT22084-014-001-97265