བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་སེམས་ཤིང་བསམས་ནས། རྗེས་སུ་ཡི་རང་བའི་རབ་དམ་པ། མཆོག་ཕུལ། གཙོ་བོ། གྱ་ནོམ་པ། བླ་ན་མྱེད་པ། གོང་ན་མྱེད་པ། མཉམ་པ་མྱེད་པ། མྱི་མཉམ་པ་དང་མཉམ་པའི་རྗེས་སུ་ཡི་རང་བས། རྗེས་སུ་ཡི་རང་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མྱི་འགྱུར་བ་ཡིན། སེམས་ཕྱིན་ཅི་ལོག་ཏུ་མྱི་འགྱུར་བ་ཡིན། ལྟ་བ་ཕྱིན་ཅི་ལོག་ཏུ་མྱི་འགྱུར་བ་ཡིན། །​རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། སེམས་ཀྱང་། དེ་ལ་སངས་རྒྱས་སུ་འདུ་ཤེས་པར་མྱི་འགྱུར། ཉན་ཐོས་སུ་འདུ་ཤེས་པར་མྱི་འགྱུར། དགེ་བའི་རྩ་བར་འདུ་ཤེས་པར་མྱི་འགྱུར་ཞིང་། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ལ་ཡང་སེམས་ཀྱི་འདུ་ཤེས་སུ་མྱི་འགྱུར་ན། དེ་ལྟར་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་མྱེད་དོ། །​སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་མྱེད་དོ། །​ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་མྱེད་དོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་ལ་སེམས་ཤིང་མཚན་མར་འཛིན་ལ། མཚན་མར་བཟུང་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་གང་གིས་སངས་རྒྱས་བཅོམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97247#UT22084-014-001-97247