མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད་པ་དང་། བཀུར་སྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་དེ་ལ་ནི་བདག་གིས་ཀྱང་རྟག་ཏུ་རྒྱུན་མྱི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་བགྱིའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་མང་པོ་དགའ་བའི་ཡིད་ཀྱིས་ཆོས་ཉན་པའི་ཕྱིར་ཉེ་བར་འོངས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པའི་ཚེ་ཡང་། ལྷའི་བུ་དེ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །​ཆོས་སྨྲ་བ་དེ་དག་སྨྲ་བ་སྙོམ་པར་གྱུར་ན་ཡང་། ལྷའི་བུ་དེ་དག་ཆོས་ཀྱི་རིམ་གྲོར་དེ་ཉིད་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ། །​ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འཁོར་བཞི་ལ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོན་པའི་ཚེ། ལ་ལ་ཞིག་བདག་ལ་གླན་ཀ་ཚོལ་ཞིང་གླགས་ལྟ་བར་འགྱུར་དུ་འོང་ངོ་། ཞེས་བྱ་བར་ཞུམ་པ་མྱེད་པར་འགྱུར་རོ། །​དེ་ཅིའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96856#UT22084-014-001-96856