འདི་ལས་བྱུང་ངོ་། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མྱི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་མྱི་བགྱིད། བཀུར་སྟིར་མྱི་བགྱིད། ཕུ་དུད་དུ་མྱི་བགྱིད། མཆོད་པར་མྱི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་མ་འཚལ་ཏམ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མྱི་དེ་དག་ལས་གང་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་དགེ་འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མྱེད་པ་དང་། གང་ཆོས་ལ་ནེམ་ནུར་མྱེད་པ་དང་། གང་དགེ་འདུན་ལ་ནེམ་ནུར་མྱེད་པ་དང་། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མྱི་གང་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དགེ་འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང་། གང་ཆོས་ལ་ནེམ་ནུར་མ་མཆིས་པ་དང་། གང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང་། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཉུང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མྱི་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96748#UT22084-014-001-96748