དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་དང་། སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་དེ་ལམ་གང་ལ་བསླབས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ། སྐུ་འདི་ལྟ་བུ་མངོན་པར་གྲུབ་པར་གྱུར། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ། སྐུ་འདི་ལྟ་བུ་ཡང་མངོན་པར་གྲུབ་བོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །​སྐུ་འདི་འདྲ་བ་ཡང་མངོན་པར་གྲུབ་བོ། །​ཀཽ་ཤི་ཀ་ངའི་སྐུ་འདི་བརྙེས་པས་ན། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་ཡང་མྱི་འགྲོ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པས། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ལུས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཞི་སྟེ། གཞི་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །​དེ་ལྟ་བས་ན་སྐུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེའི་གཞིར་གྱུར་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་ཅིང་ཕྱག་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96745#UT22084-014-001-96745