པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལ་བཞུགས་ནས། བླ་ན་མེད་པ་ཡང་དག་པར། རྫོགས་པའི་བྱང་ཆུབ་ཏུ། མངོན་པར་རྫོགས་པར་སངས་རྒྱས་སོ། །​གང་མ་བྱོན་པའི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དེ་ཉིད་དུ་བཞུགས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་ཀྱང་དེ་ཉིད་ལ་བཞུགས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་ཐམས་ཅད་འཇིགས་པ་མྱེད་པ་དང་། ཁོན་མྱེད་པ་དང་། གཅུགས་མྱེད་པར་ནན་ཏན་མཛད་ནས། སེམས་ཅན་ཚད་མྱེད་གྲངས་མྱེད་པ་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། །​དགོད་པར་འགྱུར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། །​དགོད་པར་འགྱུར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། །​དགོད་པར་འགྱུར་རོ། །​ཕྱིར་མྱི་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། །​དགོད་པར་འགྱུར་རོ། །​དགྲ་བཅོམ་པ་ཉིད་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། དགོད་པར་འགྱུར་རོ། །​རང་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། །​བཀོད་དོ། །​དགོད་པར་འགྱུར་རོ། །​བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96743#UT22084-014-001-96743