ནས་ལྡང་བའི་མཚོན་དང་མདའ་ཡང་བཅོམ། བདག་གི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ། གཞན་གྱི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ག་ཡུལ་དུ་ཕྱིན་པའི་ཚེ། ལུས་ལ་མཚོན་ཏམ་མདས་ཕོག་ཅིང་ཟུག་པར་མྱི་འགྱུར་རོ། །​ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། ཐམས་ཅད་མཁྱེན་པའི་སེམས་དང་ཡང་མྱི་འབྲལ་ན། དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་ཏམ། བྱད་བྱས་སམ། མྱེའི་འོབས་སུ་བརྔོད་དམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །​ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མྱེད་པའོ། །​ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་གོང་ན་མྱེད་པ་སྟེ། རིག་སྔགས་འདི་ལ་སློབ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ནི་བདག་ལ་ཡང་གནོད་པར་མྱི་བྱེད། གཞན་ལ་ཡང་གནོད་པར་མྱི་བྱེད། གཉིས་ཀ་ལ་ཡང་གནོད་པར་མྱི་བྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་ལ་སློབ་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། སྲོག་མྱི་དམྱིགས། འགྲོ་བ་མྱི་དམྱིགས། །གསོ་བ་མྱི་དམྱིགས། སྐྱེས་བུ་མྱི་དམྱིགས། གང་ཟག་མྱི་དམྱིགས། ཤེད་ཅན་མྱི་དམྱིགས། ཤེད་བདག་མྱི་དམྱིགས། བྱེད་པ་པོ་མྱི་དམྱིགས། ཚོར་བ་པོ་མྱི་དམྱིགས། ཤེས་པ་པོ་མྱི་དམྱིགས། མཐོང་བ་པོ་མྱི་དམྱིགས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96737#UT22084-014-001-96737