པ། དམྱིགས་པ་མྱེད་པར་མིང་དུ་བཏགས་པའོ། །​རབ་འབྱོརད་ཀྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་སེམས་ཅན་དུ་བཤད་པ་གང་ཡང་མྱེད་པ་དེ་ལ། སེམས་ཅན་མཐའ་ཡས་པ་ཡོད་དེ། ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། སེམས་ཅན་སེམས་ཅན་ཞེས་གསུང་དུ་བརྗོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བ་འམ། འགག་པར་གྱུར་པ་ཡོད་དམ། །​སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན། སེམས་ཅན་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ། །​དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཚངས་པ་དང་བཅས་པའི་ལྷ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་དང་། སྐྱེས་པ་དང་བུད་མྱེད་དུ་བཅས་པ་དག་གིས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་གང་གནས་བརྟན་རབ་འབྱོར་གྱིས་འདི་ལྟར་དེ་བཞིན་གཤེགས་པ་འབྱུང་བའི་དོན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པའི་མཐུས་བཤད་ཅིང་བརྗོད་དེ། བསྟན་པའི་ཆོས་འདི་ནི་ཀྱེ་མ་ལེགས་པར་བཤད་དོ། །​ཀྱེ་མ་ཆོས་འདི་ལེགས་པར་བཤད་དོ། །​ཀྱེ་མ་ཆོས་ཀྱི་ཆོས་ཉིད་ནི་ལེགས་པར་བཤད་དོ། །​བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །​ཆོས་གང་ཡང་དམྱིགས་སུ་མ་མཆིས་ཏེ། གཟུགས་སམ། ཚོར་བ་འམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96661#UT22084-014-001-96661