དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ཀཽ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་དང་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། །​རབ་འབྱོརད་ཀྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་དམྱིགས་པ་མཐའ་ཡས་སོ། །​དམྱིགས་པ་མཐའ་ཡས་པའི་ཕྱིར། དེ་བཞིན་ཉིད་མཐའ་ཡས་སོ། །​ཀཽ་ཤི་ཀ་དེ་བཞིན་ཉིད་དང་དམྱིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །​ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་སེམས་ཅན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ཞེས་བྱ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན། ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མེ་ཡིན་ཏེ། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ། དངོས་པོ་མྱེད་པར་མྱིང་དུ་བཏགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96660#UT22084-014-001-96660