གིས་ནི་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ། །​བདག་གིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་ལ་བྱེ་བྲག་ཏུ་འབྱེད་པ་མྱེད་དེ། དེ་ནི་ཆོས་ཀྱི་དབྱིངས་ལས་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བ་འམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ། དེ་ལྟ་བུའི་ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ཤེས་མྱི་སྐྱེའོ། །​བདག་གི་འདུ་ཤེས་མྱི་སྐྱེའོ། །​སྲོག་གི་འདུ་ཤེས་མྱི་སྐྱེའོ། །​འགྲོ་བའི་འདུ་ཤེས་མྱི་སྐྱེའོ། །​གསོ་བའི་འདུ་ཤེས་མྱི་སྐྱེའོ། །​སྐྱེས་བུའི་འདུ་ཤིས་མྱི་སྐྱེའོ། །​གང་ཟག་གི་འདུ་ཤེས་མི་སྐྱེའོ། །​ཤེད་ཅན་གྱི་འདུ་ཤེས་མྱི་སྐྱེའོ། །​ཤེད་བདག་གི་འདུ་ཤེས་མྱི་སྐྱེའོ། །​བྱེད་པ་པོའི་འདུ་ཤེས་མྱི་སྐྱེའོ། །​ཚོར་བ་པོའི་འདུ་ཤེས་མྱི་སྐྱེའོ། །​ཤེས་པ་པོའི་འདུ་ཤེས་མི་སྐྱེའོ། །​མཐོང་བ་པོའི་འདུ་ཤེས་མི་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ། སེམས་ཅན་ལ་ནི་སྐྱེ་བ་དང་འགག་པ་མེད་དོ། །​གང་ལ་སྐྱེ་བ་དང་འགག་པ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་དབེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་རང་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6184#UT22084-014-001-6184