པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་ཁམས་སུ་མྱི་སྦྱོར་རོ། །​ཆོས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཆོས་ཀྱི་ཁམས་སུ་མྱི་སྦྱོར་རོ། །​ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མྱི་སྦྱོར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་རྣལ་འབྱོར་དམ་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྟོང་པ་ཉིད་ལ་སྤྱོད་པ་ནི། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །​སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །​སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་མྱུར་ཏུ་མངོན་པར་འཚང་རྒྱའོ། །​ཤ་ར་དྭ་ཏིའི་བུ། རྣལ་འབྱོར་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི། རབ་ཅེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གཙོ་བོ་ཞེས་བྱ། གྱ་ནོམ་པ་ཞེས་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རྣལ་འབྱོར་ཏེ། བླ་ན་མྱེད་པའི་རྣལ་འབྱོར་ཏོ། །​ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པ་ཞེས་བྱ་བ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ། །​ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཚད་མྱེད་གྲངས་མྱེད་པའི་དོན་བྱེད་ཀྱང་། དེ་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནམ་ཞེ་འམ། བརྩོན་པ་མ་ཡིན་ནོ་ཞེས་བྱ་བར་མི་སེམས་སོ། །​བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པ་མཛད་དོ། །​བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ། །​བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །​བདག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6183#UT22084-014-001-6183