བཙུན་པ་རབ་འབྱོར་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་ན། མྱ་ངན་ལས་འདས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ། རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲས་ཏེ། དེ་བས་ན་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་། དེ་ལ་བདག་ནི་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །​དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་ནི་འདི་ལྟར་རྨྱི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་། མྱ་ངན་ལས་འདས་པ་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་གང་གི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་བ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གསལ་བ། འདི་ལྟར་ཕྲ་བ། འདི་ལྟར་བཟང་བ། འདི་ལ་སུ་དག་ཡིད་ཆེས་པར་འགྱུར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་དག་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་བ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་བཟང་བ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ། འདི་ལ་ཡིད་ཆེས་པར་འགྱུར་རོ། །​བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96190#UT22084-014-001-96190