ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །​ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །​ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྤྲུལ་པ་ལྟ་བུ་སྟེ། བདག་ལ་ཆོས་ཉན་པ་ཡང་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་ཡང་ཉན་པ་མྱེད་ཅིང་། ཅི་ཡང་མངོན་དུ་བྱེད་པ་མྱེད་དོ། །​དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུའོ། །​སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུའོ། །​ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨྱི་ལམ་ལྟ་བུའོ། །​ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་གཟུགས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་འདུ་ཤེས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་འདུ་བྱེད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་མྱིག་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རྣ་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སྣ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྕེ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལུས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ཡིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​གཟུགས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སྒྲ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​དྲི་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རོ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རེག་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ཆོས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​མྱིག་གི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རྣ་བའི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96186#UT22084-014-001-96186