འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​རྒྱུན་ཏུ་ཞུགས་པའི་སྒྲ་ཡོད་བར་མ་འགྱུར་ཅིག། ལན་ཅིག་ཕྱིར་འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །​ཕྱིར་མྱི་འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །​དགྲ་བཅོམ་པའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རང་སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​བྱང་ཆུབ་སེམས་དཔའི་སྒྲ་ཡོད་པར་མ་འགྱུར་ཅིག །​སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམྱིགས་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ཞིག་ལ་གནས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་མི་གནས་པ་སྟེ། དེ་གཟུགས་ལ་མྱི་གནས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96164#UT22084-014-001-96164